པར་དབང་ཡུལ་ཤུལ་ཡུལ་སྐོར་ཅུའུ་ལ་ཡོད།
 
མིའི་རིག་གནས་ཀྱི་ཡུལ་ཤུལ།
མདུན་གྱི་གནས།:ངོས་དང་པོ།>བོད་རིགས་ཀྱི་རྒྱན་གོས།
 ཤེས་རིག་གི་ཡུལ་ཤུལ།
      ཡུལ་ཤུལ་ལོ་རྒྱུས།
      བོད་བརྒྱུད་ནང་བསྟན།
      སྐད་དང་ཡི་གེ།
      བོད་རིགས་ཀྱི་རྩོམ་རིག །
      བོད་རིགས་ཀྱི་ཟློས་གར།
      བོད་ཀྱི་གསོ་རིག །
      བོད་རིགས་ཀྱི་རྒྱན་གོས།
      བོད་ལུགས་ཀྱི་སྡོད་ཁང་།
      དགོན་པའི་ཁང་ལས།
      གཉེན་སྟོན་ཡུལ་སྲོལ།
      སྐྱེ་སྐྱོང་ཡུལ་སྲོལ།
      ཤིད་ལས་ཡུལ་སྲོལ།
      དམངས་་སྲོལ་དུས་ཆེན།
 
 བོད་རིགས་ཀྱི་རྒྱན་གོས།

ཡུལ་ཤུལ་ནི་བོད་ཡུལ་དང་། རྒྱ་ནག །རྒྱ་གར་གསུམ་གྱི་འགྲིམ་འགྲུལ་འདུས་མདོ་དང་། ཐང་བྷོད་གནའ་ལམ་ཡིན་པའི་སྟབས་ཀྱིས་ཡར་འགྲོ་ཚུར་འོང་གི་འགྲོ་རྒྱུག་ཆེ་བས་ཡུལ་ཤུལ་གྱི་དཔལ་འབྱོར་དང་རིག་གནས་ལ་ཕྱི་རོལ་རིག་གནས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། གོས་དང་རྒྱན་ཆ་ཐད་ནས་བཤད་ན་རྒྱུ་ཆའི་སྣ་མང་རང་བཞིན་དང་། འདེམ་གསེས་རང་བཞིན། རྒྱུ་སྤུས་ཀྱི་ཡག་བཙོག་རང་བཞིན་སོགས་སྣ་ཁ་མང་། ཡུལ་ཤུལ་སྲོལ་རྒྱུན་གྱི་གྱོན་གོས་གཙོ་བོ་ལ། གཅིག་བོད་གོས། བོད་གོས་ཀྱི་རྩ་བའི་བཟོ་ལུགས་ནི་སྲོལ་རྒྱུན་གྱི་གོས་རིང་དེ་ཡིན། དེ་ལ་དབྱར་གོས་དང་དགུན་གོས་གཉིས་དང་། རྒྱུན་གོས་དང་ཆས་གོས་གཉིས་སུ་དབྱེ་ཆོག །རྒྱུན་གོས་ཀྱི་རྒྱུ་ཆ་ལ་རས་དང་། ཐེར་ཕྲུག །པགས་པ། ཚ་རུ་སོགས་ཡོད། ཆས་གོས་ཀྱི་རྒྱུ་ཆ་ལ་སྣམ་བུ་དང་། དར་ཟབ། ཐེར་ཕྲུག །ཝ་ལྤགས། ཤྭ་ལྤགས། གཡི་ལྤགས། གནའ་ལྤགས་སོགས་ཡོད། རྒྱན་ཆའི་རྒྱུ་ཆ་ལ་དར་ཟབ་སྣ་ཚོགས་དང་། སྲམ། སྟག་གཟིག་གི་ལྤགས་པ་ཡོད། དབྱར་དགུན་གཉིས་ཀྱི་ཆས་གོས་ལ་སྣ་ཁ་བཅུ་གྲངས་ཡོད། རྒྱུན་མཐོང་གི་རིགས་ཀྱི་དགུན་གོས་ལ་ཚ་རུ་སྲམ་སྐོར། ལྷུ་རྩག །ཚ་རུ་སོགས་ཡོད། དབྱར་གོས་ལ་སྦྱར་མ་སྲམ་སྐོར། རྒྱན་ཤན། སྦྱར་མ། ཕྲུག །རས་ཁུག །སྲིང་འབོག་སོགས་ཡོད། གཉིས་ཞྭ་མོ། ཡུལ་ཤུལ་གྱི་ཞྭ་མོ་རིགས་ལ་མང་ཞིང་། ལྟ་ན་མཛེས་པ་དང་གོན་ན་བདེ་པོ་ཡོད། དཔྱིད་དགུན་དུས་ཚིགས་ལ་ཝ་ལྤགས་དང་། ཚར་རུ་ནང་ཤ་བྱས་ཏེ་རས་དང་། གོས་ཆེན། དར་ཟབ། ཐེར་མས་དྲུབ་པའི་བོད་ཞྭ་ཡོད། ཝ་ལྤགས་ཀྱིས་བཟོས་པའི་ཞྭ་མོ་ལ་ཝ་ཞྭ་ཟེར། ཚ་རུས་བཟོས་པའི་ཞྭ་མོ་ལ་ཚར་ཞྭ་ཟེར། དབྱར་སྟོན་གཉིས་ཀྱི་དུས་ཚིགས་ལ་ཕལ་མོ་ཆེར་གྱིས་ཕྱིང་ཞྭ་དང་། བསིལ་ར། ཕིང་ཞྭ། ཇོ་ལ་སོགས་གོན་པ་རེད། གསུམ་པ་བོད་ལྭ། ཕོ་མོ་གཉིས་ཀའི་ནང་ལྭ་ནི་གོང་བ་མཐོན་པོ་ཅན་དང་། ཐུ་གཡས། གསེག་ཆེན་བཅས་ཡོད། གོང་སྔ་དང་། སྔོན་ཐུ། ཕུ་ཐུང་ཁ་བཅས་ལ་རྒྱན་རྒྱབ་ཡོད། བཞི་པ་རྐང་གོས། སྲོལ་རྒྱུན་གྱི་སྐྱེས་པའི་རྐང་གོས་ནི་ངར་པ་སྦོམ་པོ་ཡོད། དེ་ལ་སྔོན་པོ་དང་། ལྗང་ཁུ། ནག་པོ། དཀར་པོ་སོགས་ཡོད། དཀར་པོའི་རིགས་མང་། ལྔ་པ་བོད་ལྷམ། ཡུལ་ཤུལ་གྱི་ལྷམ་ལ་སྣམ་ལྷམ་དང་། ཀོ་ལྷམ། བྱམས་པ་དཀར་ཡུ། ཀོ་ཙི་ལྷམ་སོགས་ཡོད། སྣམ་ལྷམ་གྱི་རྒྱུ་ཆ་ཕལ་ཆེར་ནི་སྣམ་བུ་ཡིན། རྡོག་རྐྱང་གི་རྡོག་ཞབས་བརྗེ་ལེན་གཏུག་ཆོག །འདི་ནི་དུས་རྒྱུན་གྱི་ངལ་རྩོལ་དུས་སུ་གོན་པ་རེད། ཀོ་ལྷམ་ལ་འཇུར་རྟའང་ཟེར། དེ་ལ་རྡོག་རྐྱང་དང་མཐིལ་རྩག་གཉིས་ཀ་ཡོད། ཙང་པ་དཀར་ཡུ་ནི་གྲྭ་བཙུན་གྱི་ལྷམ་ཡིན། སྲོལ་རྒྱུན་གྱི་རྒྱན་ཆ་ལ་གཙོ་བོ་ནི། གཅིག་ནི་མགོ་རྒྱན་ཡིན། ཡུལ་ཤུལ་སྐྱེས་པའི་མགོ་རྒྱན་ནི་གཙོ་བོ་བ་སོ་ཐོད་སྐོར་དང་། ཛར་ལོ་དམར་ནག་གཉིས་ཡིན། བུད་མེད་ཀྱི་མགོ་རྒྱན་ལ་དངུལ་སྐོར་དང་། བྱུ་རུ། མུ་ཏིག །མགྲོན་བུ། གཡུ་སོགས་དང་། མདོག་འདྲ་མིན་གྱི་སྟོང་སྐུད་སོགས་ཡོད། མགོ་རྒྱན་ལ་སྤོས་ཤེལ་གཙོ་བོ་དང་། ལན་བུ་ལ་གཡུ་དང་བྱུ་རུ་སོགས་གདན་ཡོད། གཉིས་ནི་རྣ་ལུང་ཡིན། ཡུལ་ཤུལ་སྐྱེས་པའི་རྣ་ལུང་ལ་ཝ་སྡ་དང་། བུད་མེད་ཀྱི་རྣ་ལུང་ལ་མདོ་སྣ་ཟེར། རྣ་ལུང་ཚུགས་ཀ་མཛེས་ཤིང་བརྐོས་དང་རི་མོ་བཀྲ་བ། རྡུང་རྩལ་ཡག་ཅིང་ཤིན་ཏུ་མཛེས་པོ་ཡོད། དེ་ལ་མཆོང་དང་། བྱུ་རུ། རྫུལ། གཡུ་སོགས་ཕྲ་རྒྱབ་ཡོད། གསུམ་པ་སྐེ་རྒྱན། ཡུལ་ཤུལ་གྱི་སྐྱེས་པ་ཕོ་མོ་གཉིས་ཀའི་སྐེ་རུ་གཟུ་དང་དཀྲུགས་མ༼བྱུ་རུ།༽གཙོ་བོ་བཏགས་ཤིང་། དེ་ལ་གཡུ་དང་མུ་ཏིག་སོགས་རིན་པོ་ཆེའི་རིགས་ཀྱིས་རྩབ་སྲོལ་ཡོད། བཞི་ནི་ལག་གདུབ་དང་སོར་གདུབ། ཡུལ་ཤུལ་གྱིས་སོར་གདུབ་ལ་མགུ་ཡ་དང་། ལག་གདུབ་ལ་གདུ་གུའང་ཟེར། ཕོ་མོ་གཉིས་ཀས་འདོགས་སྲོལ་ཡོད། མང་ཤོས་ཀྱིས་མགུ་ཡ་རྟ་སྒ་ཟེར་བ་ལ་བྱུ་རུ་དང་། མཆོང་། རྫུལ། གཟི། གཡང་ཊི་དང་གཡུ་སོགས་ཕྲ་རྒྱག་སྲོལ་ཡོད། ལྔ་ནི་སྐེད་རགས། སྐེད་རགས་ནི་ཕོ་མོ་གཉིས་ཀས་བཅིངས། ལྷག་ཏུ་བུད་མེད་ཀྱིས་སྐེད་རགས་ལ་དགའ་སྣང་ཆེན་པོ་བྱེད་ཀྱི་ཡོད། རྒྱུ་ལ་ཀོ་བ་དང་ལྕགས་ཆ་རིགས་གཉིས་སུ་དབྱེ། ལྕགས་ཆས་བརྡུངས་པ་ལ་ཆ་ཁྲ་ཟེར། དེ་ནི་མེ་ཏོག་སོགས་བརྐོས་རིས་རྒྱབ་པའི་དངུལ་དང་རག་ལ་རྡུང་ཞིང། བྱུ་རུ་དང་གཡུ་ཕྲ་རྒྱབ་ཡོད། ད་དུང་སྒྱིད་སྒྲོག་ཟེར་བ་ཡོད་ཅིང་། ཚུགས་ཀ་ནི་ཆ་ཁྲ་དང་འདྲ། ཆ་ཁྲ་ལ་བཞོ་ལུང་དང་། གྲི་ཆུང་། ཁབ་ཤུབས། དངུལ་ཁུག་སོགས་འདོགས་པ་དང་། སྐྱེས་པས་བོའུ་དང་། སྐེད་གྲི །མདའ་ར། གའུ་སོགས་འདོགས་སྲོལ་ཡོད། ཡུལ་ཤུལ་གྱི་ཕོ་མོའི་དུས་སྟོན་ཆས་གོས་དང་འདོགས་རྒྱན་ནི་བཟོ་དབྱིབས་དང་མཛེས་རྒྱན་གྱི་ཐད་ནས་བཤད་ན། མཛེས་རིག་གི་ཚད་གཞི་རུ་སླེབས་པས་མི་མང་གིས་མཛེས་དཔྱོད་ངོས་ལེན་རྒྱ་ཆེར་བྱས་པས་སྤྱི་གོས་གོང་ཆེན་དང་། དེང་རབས་ཀྱི་གྱོན་གོས་མཚར་པོ་ཅི་འདྲ་ཞིག་གོན་ཀྱང་མཛེས་དཔྱོད་ཀྱི་ཐད་ནས་གནམ་ས་དབར་གྱི་ཁྱད་པར་ཡོད་པས་བསྡུར་ཐབས་གཏན་ནས་མེད། ཆས་གོས་དང་རྒྱན་ཆ་འདི་དག་གི་གྲངས་ཚད་དང་། བཟོ་རྩལ། མཛེས་དཔྱོད་ཀྱི་རིན་ཐང་སོགས་ལ་སུས་ཀྱང་སྐྱོན་འདོགས་མི་ཐུབ་པའི་ཚད་དུ་སླེབས་ཡོད། ད་དུང་ཆས་གོས་དང་རྒྱན་ཆའི་ཐད་ནས་བསམ་པའི་ཡུལ་ལས་འདས་ཤིང་བློ་སྤོབས་ཆེན་པོའི་མཛེས་རིག་འཆར་འགོད་ལ་མི་རིགས་ཀྱི་སེམས་ཁམས་རིག་པ་དང་། ཡུལ་སྲོལ་རིག་པ། མཛེས་རིག་འཚོལ་སྙེག །མཛེས་དཔྱོད་མོས་པ། མཛེས་པའི་ཚོར་བ། མཛེས་པ་གསར་གཏོད་ཀྱི་ནུས་པ་སོགས་ཕྱོགས་དུ་མའི་ཐད་ནས་ཁྱད་པར་ཅན་གྱི་ཞིབ་འཇུག་གི་རིན་ཐང་ལྡན་པ་མ་ཚད། མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དར་སྤེལ་དང་། ང་ཚོའི་དེང་དུས་ཀྱི་བདེ་སྐྱིད་འཚོ་བའི་ཐད་དུ་དོན་སྙིང་གལ་ཆེན་ལྡན། ཡུལ་ཤུལ་ཕོ་གོས་ཀྱི་ཕུ་ཐུང་ས་རུ་འདྲུད་ཅིང་། སྣང་སྤྲོ་ཆེ་བའི་རལ་པས་ཕྲག་ཞེང་ཁེབས་པ་དང་། བོའུ་རིང་ཕྲག་གཡོན་ནས་གཡས་སུ་གསེག་སྟེ་རྒྱབ་ཏུ་ཁུར་བ་དང་། མོ་ཚོས་མགོ་ལུས་བར་མ་བཅོ་བརྒྱད་དུ་མིག་འཁྲུལ་ལ་ཁད་ཀྱི་སྐེ་རྒྱན་དང་ཆ་ཁྲ་སོགས་ཀྱིས་བརྒྱན་པ་དེ་ནི་ས་ཆ་གཞན་ནས་མཐོང་བར་དཀའ་བའི་མཛེས་དཔྱོད་འཚོལ་སྙེག་གི་འབྲས་བུ་ཞིག་ཡིན་ལ། མཛེས་རིག་གི་གཟི་བྱིན་ཞིག་ཀྱང་རེད། སྔ་མོ་དུས་ཀྱི་ངལ་རྩོལ་ལག་ཆ་དང་འཚོ་བའི་མཁོ་ཆས། གྱོན་གོས་སོགས་ཅིའི་ཕྱིར་དེང་དུས་མཛེས་རིག་གི་དོན་སྙིང་དང་། མཛེས་དཔྱོད་ཀྱི་རིན་ཐང་ལྡན་པའི་སྒྱུ་རྩལ་དངོས་རྫས་ཞིག་ལ་གྱུར་བ་རེད་ཅེ་ན། གདོད་མའི་ཁོར་ཡུག་ཅིག་གི་ཁྲོད་དུ་ཡུན་རིང་འཚོ་བའི་མི་རིགས་ཤིག་གི་བསམ་པའི་སྟོབས་ཤུགས་རྒྱས་པ་དང་། མཛེས་པ་དང་བརྩེ་བ་ལ་ཉམ་པ་མེད་པའི་བརྩོན་སྙེག་བྱས་པ། སྒེར་ངོས་ནས་འཚོ་བ་སྣང་སྤྲོ་རོལ་བའི་དཔའ་སྙིང་དང་རེ་འདུན་དྲག་པ་སོགས་ཀྱི་རྐྱེན་གྱིས་རེད། ཐུན་མིན་གྱི་ཁོར་ཡུག་ཅིག་ལས་ངོ་མཚར་བློ་ཡུལ་ལས་འགོངས་པའི་ཐུན་མིན་གྱི་རིག་གནས་ཤིག་བྱུང་བ་ལ་རྒྱུ་རྐྱེན་ངེས་ཅན་ཞིག་ཡོད་དེ། རྗེས་སོར་གྱི་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བར་དོན་དངོས་པོའི་ཐོག་ནས་ཕན་ཐོགས་ཡོད། དེས་ན་འདིའི་ཐད་ནས་འཚོལ་བསྡུ་དང་། ཞིབ་འཇུག །སྲུང་སྐྱོབ་བྱེད་པ་ནི་དེང་དུས་ཀྱི་འཚོ་བ་ལ་ཞབས་ཞུ་དང་། མི་རིགས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་སོགས་ཀྱི་ཐད་ནས་ཀྱང་དོན་སྙིང་དང་རིན་ཐང་ཆེན་པོ་ཡོད། འོན་ཀྱང་དེང་དུས་དཔལ་འབྱོར་རིག་གནས་ཀྱི་འཚོ་བ་སྤྱོད་སྟངས་ནི་གོ་ལ་ཧྲིལ་པོ་གཅིག་གྱུར་དུ་ཆགས་པས་སྟབས་བདེ་སྤྱོད་སླའི་སྤྱི་གོས་ནི་མི་ཀུན་གྱིས་དགའ་སྣང་བྱེད་ས་ཞིག་རེད། སྤྱི་གོས་དར་ཞིང་འཕེལ་ན་བོད་གོས་གོན་མཁན་ཇེ་ཉུང་དུ་འགྲོ་བ་ནི་ཟློག་མེད་ཀྱི་ཆོས་ཉིད་ཅིག་ཏུ་མཐོང་། ད་ལྟ་ལོ་ཅུང་ཟད་རྒས་པའི་ཞིང་འབྲོག་ས་ཁུལ་གྱི་བུད་མེད་ཚོས་མ་གཏོགས་སྐྱེས་པ་དང་ལོ་ཆུང་ཚོས་བོད་གོས་གོན་མཁན་ཉུང་། བོད་གོས་བསྐྱུར་རིམ་བཞིན་དུ་དེར་མཐུན་གྱི་བོད་ཞྭ་དང་། བོད་ལྭ། བོད་ལུགས་རྐང་གོས། བོད་ལྷམ་སོགས་དང་། སྐེད་ཆིངས་དང་། སྐེ་རྒྱན། མགོ་རྒྱན་སོགས་ཀྱང་འཁྲི་ས་བརྟེན་ས་མེད་པ་ཇི་བཞིན་དུ་ཡུལ་ཤུལ་པའི་ལུས་ཐོག་ནས་མཐོང་རྒྱུ་ཇེ་ཉུང་དུ་འགྲོ་གིན་འདུག །དུས་ཆེན་སྟོན་མོ་སྐབས་སུའང་བརྒྱ་ཆའི་ཉི་ཤུ་ཙམ་གྱི་ལོ་ཡར་བསགས་ཚོས་བོད་གོས་གོན་པ་ལས་གཞན་མཐོང་ལམ་དུ་མི་འདུག །བརྒྱ་ཆའི་ཉི་ཤུས་ཀྱང་ཆ་ཚང་བར་གོན་ཐུབ་ཀྱིན་མི་འདུག །དེའི་ཁར་ན་ཆུང་གཞོན་ནུ་མང་པོ་ཞིག་གིས་དེང་ལུགས་དང་། མཚར་ཆས། སྣང་སྤྲོ། སྒེར་ཚུགས་སོགས་ཀྱི་བཟོ་དབྱིབས་དང་། གོས་མདོག་ཟེར་ནས། ཁོང་ཚོའི་མཛེས་དཔྱོད་མོས་པ་དང་། རིན་ཐང་ངོས་འཛིན་ལ་འགྱུར་བ་སོང་བས་མི་རིགས་གྱོན་གོས་དང་། རྒྱན་ཆ་སོགས་ཀྱི་ཐད་དུ་ཡུལ་ཤུལ་ས་ཆ་ནས་རྒྱུན་འཛིན་མི་ཐུབ་པའི་ཉེན་ཁ་ཞིག་སླེབས་ཡོང་གིན་འདུག ། ད་ནས་བཟུང་ལོ་ལྔ་ཡི་ནང་ནས་རང་ཁུལ་གྱིས་སྔར་ཡོད་ཀྱི་བྱ་བའི་གྲུབ་འབྲས་དང་། ཞིབ་འཇུག་གི་གྲུབ་འབྲས་ཐོག་ཏུ་བློ་ཐབས་འདྲ་མིན་སྣ་ཚོགས་ཕུད་དེ་ཡུལ་ཤུལ་གྱི་ཆས་གོས་དང་རྒྱན་ཆའི་ཐད་ནས་ཆ་ཚང་བ་དང་། ཚད་དང་ལྡན་པ། ཞིབ་ཕྲ་ཡིན་པའི་སྒོ་ནས་གདོད་མའི་ཞྭ་ཞུགས་གོས་སྟངས་དེ་དེང་རབས་ཅན་གྱི་ལས་དོན་སྒྲུབ་པའི་ཐབས་ལ་བརྟེན་ནས་ཡི་གེ་དང་། པར་རིས། བརྙན་ལེན། གྲངས་རྩིས་ཅན་གྱི་འཕྲིན་ཟམ་སོགས་ཀྱི་སྒོ་ནས་ས་གནས་རང་གི་ཡིག་ཆ་ལྷད་མེད་འཚོལ་སྡུད་བྱས་ཏེ་ཡུལ་ཤུལ་ས་ཆའི་ཐུན་མིན་ཡུལ་སྲོལ་གོམས་གཤིས་ཀྱི་ཚགས་ཡིག་དང་གྲངས་མཛོད་བཟོ་བ་དང་། པར་རིས་དང་ཡི་གེ་གཉིས་འཛོམས་ཀྱི་མི་རིགས་ཆས་གོས་དང་རྒྱན་ཆའི་པར་དེབ་བསྐྲུན་ཏེ་སྲུང་སྐྱོབ་རྒྱུན་འཛིན་གྱི་བྱ་བའི་སྒྲིག་གཞི་ལམ་ལུགས་ཞིག་ཆགས་ཐུབ་པར་བྱེད་དགོས།
དཔར་དབང་ནི། ཡུལ་ཤུལ་ཡུལ་སྐོར་ཅུའུ་ལ་ཡོད། སྡོད་གནས་ནི། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ། སྦྲག་ཨང་ནི། ༨༡༥༠༠༠ རྒྱལ་ཡོངས་གཅིག་འགྱུར་ཁ་པར་ནི། ༠༩༧༡-༨༢༣༣༡༤༥ སྦྲག་སྒམ་ནི། hou@163.com མཚོ་ICPཨང་༡༠༢༤༥༦༦༣པ།
Copyright © 2015-2017 www.0976ly.gov.cn All rights reserved.